ཐའི་ཝན་གནས་བཞུགས་བསྟན་པའི་རྩ་བ་དགེ་འདུན་པ་རྣམས་ལ་བསྟན་པ་སྤེལ་བའི་ཆ་རྐྱེན་ཡུལ་གྲུ་འདི་ཉིད་ཀྱི་སྐད་ཡིག་རྒྱ་ཡིག་དང་རྒྱ་སྐད་ཆེད་སྦྱོང་འཛིན་གྲྭ།
དེ་ཡང་ཞིབ་འཇུག་ཚོགས་པའི་རྩ་བའི་དམིགས་ཡུལ་གཞིར་བཟུང་ཐོག སྔར་ལོའི་རྒྱལ་བསྟན་དར་སྤེལ་བགྲོ་གླེང་སྐབས་ཀྱི་གླེང་གཙོ་བོ་བཞི་ཡི་ཡ་གྱལ། བསྟན་རྩ་དགེ་འདུན་པ་ལ་སྐད་ཡིག་སློབ་ཁྲིད། ཅེས་པའི་བརྗོད་གཞི་གཞིར་བཟུང་གིས། ཐའེ་ཝན་གནས་བཞུགས་དགེ་འདུན་པ་རྣམས་ཀྱི་རྒྱ་སྐད་རྒྱ་ཡིག་གི་ཤེས་ཚད་གོང་མཐོར་གཏོང་རྒྱུའི་ཆེད་དུ། ད་ལམ་བསྟན་རྩ་དགེ་འདུན་པ་རྣམས་ལ་རྒྱ་སྐད་རྒྱ་ཡིག་གི་འཛིན་གྲྭ་རིམ་པ་གསུམ་འདི་ལྟར་གོ་སྒྲིག་མཐུན་སྦྱོར་ཞུས།
དེའི་རྒྱུ་མཚན་གཙོ་བོ་ནི། ཐའེ་ཝན་གྱི་ས་གནས་འདིར་བཞུགས་བཞིན་པའི་དགེ་འདུན་པ་སུ་ཞིག་ཡིན་རུང་། ཡུལ་ལུང་དའི་སྐད་ཡིག་མཁྱེན་རྒྱུ་ནི་གཞི་རྩའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན་ཏེ། བསྟན་པ་སྤྱི་སྨན་གྱི་མཛད་པ་རླབས་ཆེན་ཅི་འདྲ་ཞིག་བསྐྱངས་ནའང་རུང་། སྒེར་སོ་སོའི་ཉིན་རེའི་འཚོ་བའི་དགོས་མཁོ་ཆུང་ཕྲ་ཐད་ལའང་སྐད་ཡིག་གི་ཆ་རྐྱེན་དེ་མེད་པར་ཐབས་མེད་ཅིག་ཡིན་པ་དང་། ཁྱད་པར་དུ། མཁན་པོ་དགེ་བཤེས་སློབ་དཔོན་སོགས་མང་པོ་ཞིག་གིས་མཚན་ཉིད་རིག་དང་ལྟ་གྲུབ་སོགས་ཀྱི་བརྗོད་བྱ་རྒྱ་ཆེ་གཏིང་ཟབ་པའི་གནད་ལ་མཁས་པར་སྦྱངས་ཟིན་ན་ཡང་། ས་ཆ་འདིར་འབྱོར་སྐབས་ཡུལ་ལུང་འདིའི་སྐད་ཡིག་མ་ཤེས་པའི་དབང་གིས་སོ་སོའི་དངོས་ཡོད་ཀྱི་ནུས་པ་འདོན་སྤེལ་བྱེད་མ་ཐུབ་པའི་དཀའ་ངལ་མང་པོ་ཞིག་ཡོང་དང་ཡོང་བཞིན་ཡོད་པ་མིག་མཐོང་ལག་ཟིན་དུ་ཡོད་པས་ཀྱང་། སྐད་ཡིག་ལ་ཤུགས་སྣོན་རྒྱག་དགོས་པ་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་ཏུ་གྱུར་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།