ཚོགས་པའི་དམིགས་ཡུལ་དང་སྒྲིག་གཞི།
ཚོགས་པའི་དམིགས་ཡུལ།
ཚོགས་པ་འདིའི་དམིགས་ཡུལ་ནི། རིས་མེད་རྒྱལ་བསྟན་སྤྱི་དང་ཁྱད་པར་ཐའེ་ཝན་གྱི་སྤྱི་ཚོགས་སུ་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་ཕྱོགས་ལ་སྐུལ་འདེད་དང་དར་སྤེལ་གྱི་ནུས་པ་འདོན་རྒྱུ་དང་། ས་གནས་ཀྱི་ནང་པའི་ཆོས་བརྒྱུད་གཞན་དང་། ཐའེ་ཝན་མི་མང་བར་གྱི་མཐུན་ལམ་དང་མཉམ་འབྲེལ་གྱི་ནུས་ཤུགས་གོང་དུ་སྤེལ་རྒྱུ། བོད་བརྒྱུད་ནང་བསྟན་ལ་མ་རྟོགས་དང་ལོག་རྟོག་གྱི་དབང་གིས་སྤྱི་ཚོགས་ཐོག་ཏུ་བོད་བརྒྱུད་ནང་བསྟན་ལ་གོ་ནོར་ཐེབས་གཞིར་གྱུར་པའི་བྱ་བ་དང་སྣང་ཚུལ་ཁག་ལ་དུས་ནས་དུས་སུ་ནོར་བ་ཡོ་བསྲངས་ཀྱིས་ཡང་དག་པའི་གོ་རྟོགས་སྤེལ་རྒྱུ། དེ་བཞིན་བོད་བརྒྱུད་ནང་བསྟན་འདི་ཉིད་ཁ་ཡོད་ལག་ཡོད་ཀྱི་སྤྱི་ཚོགས་ཀྱི་ཞི་བདེ་དང་གཞན་ཕན་གྱི་ནུས་སྟོབས་ཤིག་ཏུ་བསྒྱུར་རྒྱུ་བཅས་ཡིན།
ཚོགས་པའི་ཚོགས་མིའི་ཆ་རྐྱེན
ཚོགས་པའི་འགན་འཛིན་ལྷན་ཚོགས་ཀྱི་ཆ་རྐྱེན།
གཅིག༽གངས་ལྗོངས་རིས་མེད་ཀྱི་ཆོས་བརྒྱུད་དག་ལ་དད་པ་དང་དག་སྣང་ཡོད་པར་མ་ཟད། རིས་མེད་རྒྱལ་བསྟན་སྤྱིའི་མཐུན་ལམ་དང་མཉམ་འབྲེལ་སྐུལ་འདེད་ཐད་ཕྱག་ལས་གནང་རྒྱུའི་ཐུགས་འདོད་ཡོད་པ། གཉིས།༽ ཞིབ་འཇུག་ཚོགས་པའི་དམིགས་ཡུལ་དང་ལངས་ཕྱོགས་སྤྱི་ལ་མོས་མཐུན་ཡོད་པ། ཚོགས་གཙོ་དང་རྒྱུན་ལས་གཞན་དང་མཉམ་དུ་མཉམ་འབྲེལ་གྱི་ཕྱག་ལས་གནང་རྒྱུར་ཐུགས་མོས་ཆ་ཚང་ཡོད་པ། གསུམ།༽ ཞིབ་འཇུག་ཚོགས་པའི་བྱེད་སྒོ་ཅི་རིགས་ལ་མཉམ་ཞུགས་སོགས་ཀྱིས་ཚོགས་པ་ལ་རྒྱུས་མངའ་ཡོད་པ། བཞི།༽ རང་གི་སྒེར་གྱི་མིང་དང་ཁེ་ཕན་སོགས་ཀྱི་ཆེད་དངོས་ཤུགས་བརྒྱུད་གསུམ་ནས་ཞིབ་འཇུག་ཚོགས་པ་བེད་སྤྱོད་མི་བྱེད་པའི་ཡང་དག་པའི་ལངས་ཕྱོགས་བརྟན་པ། ལྔ་།༽ ཐའེ་ཝན་གྱི་སྤྱི་ཚོགས་སུ་ཆོས་ཚོགས་དང་སློབ་མ་ཡོད་པ་སོགས་ཀྱིས་ས་གནས་འདིར་བོད་བརྒྱུད་ནང་བསྟན་འཛིན་སྐྱོང་སྤེལ་གསུམ་དང་འབྲེལ་བའི་ཕྱག་ལས་གནང་དང་གནང་བཞིན་པའི་བླ་མ་དགེ་བའི་བཤེས་གཉེན་དང་རབ་སྔགས་གང་རུང་གི་སྡེར་གཏོགས་པ། དྲུག༽ ཞིབ་འཇུག་ཚོགས་པའི་རིན་པོ་ཆེ་གང་རུང་ཞིག་གིས་འོས་སྦྱོར་གནང་བ་དང་། དེ་དང་འབྲེལ་ནས་འགན་འཛིན་ལྷན་ཚོགས་མང་མོས་ཀྱིས་ཚོགས་ཞུགས་གནང་རྒྱུར་རྒྱབ་སྐྱོར་ཐོབ་པ་ཞིག་བཅས་དགོས། འགན་འཛིན་ལྷན་ཚོགས་ཚོགས་གཙོ་སྟེ་ཞིབ་འཇུག་ཚོགས་པའི་གཙོ་འཛིན།གོང་གསལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མིའི་ཆ་རྐྱེན་གཞིར་བཞག་ཐོག །འགན་འཛིན་ལྷན་ཚོགས་ཀྱིས་མང་མོས་འདེམས་ཐོན་བྱུང་བ་ཞིག་དགོས།
ཞིབ་འཇུག་ཚོགས་པའི་ལས་དོན་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་འདོད་ཡོད་པ་དང་། ཚོགས་དངུལ་དུས་ཐོག་ཏུ་འབུལ་ཐུབ་པ། ཚོགས་པའི་སྒྲིག་གཞི་དང་དམིགས་ཡུལ་ལ་གུས་བཀུར་ཞུ་ཐུབ་པ་ཞིག་བཅས་ཡིན་དགོས། ཚོགས་དངུལ་དང་འབུལ་ཕྱོགས་སོགས་ལམ་སྟོན་ལོགས་སུ་གསལ་བ་ལྟར་ཡིན།